ལ་ནོར་གཡག་གི་རིགས་རྒྱུད་ཡར་སེང་དང་ཉམས་མ་བཅུག་པར་བཞག་ནིའི་དོན་ལུ་ ཕ་སོན་ཁབ་སྦྲགས་ནིའི་སྦྱོང་བརྡར་མཇུག་བསྡུ་ཡོདཔ།

༉ རང་ལུགས་གནམ་ལོ་ ལྕགས་མོ་གླང་ལོ་ རང་ཟླཝ་༡ པའི་ཚེས་༢༢ དང་སྤྱི་ཚེས་༠༥-༠༣-༢༠༢༡ ལུ་ ཧཱ་རྫོང་ཁག་ དབུས་སུ་རྒེད་འོག་ རྫོང་ཁག་སྒོ་ནོར་སྨན་ཁང་ནང་ལུ་འབད་ བདུན་ཕྲག་གཉིས་ཀྱི་རིང་ལུ་ སྒོ་ནོར་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་དང་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གཉིས་ཀྱིས་འགོ་འདྲེན་གྱི་ཐོག་ལས་ ང་བཅས་རང་འབྲུག་རྒྱལ་ཁབ་ནང་ལུ་སྔོན་དང་ཕུག་ལས་ཡོད་པའི་སྤུས་ཚད་ཅན་གྱི་གཡག་གི་རིགས་ཚུ་ཉམས་མ་བཅུག་པར་བཞག་ནིའི་དོན་ལུ་ ཧཱ་ལུ་ཡོད་པའི་རྒྱལ་ཡོངས་གཡག་སྤྱི་བསྡོམ་གསོ་སྐྱོང་ལྟེ་བ་དང་ ས་ཁ་མཐོ་སའི་རྫོང་ཁག་ཚུ་ནང་ལུ་ཕྱག་ཞུ་མི་སྒོ་ནོར་གྱི་ལས་བྱེདཔ་ཚུ་ལུ་ ལ་ནོར་གཡག་གི་དོན་ལུ་ཕ་སོན་ཁབ་བཙུགས་ནིའི་སྦྱོང་བརྡར་འགོ་བཙུགས་ཡོད་མི་འདི་ མཇུག་བསྡུའི་ལས་རིམ་ནང་ལུ་ སྒོ་ནོར་ལས་ཁུངས་ཀྱི་མདོ་ཆེན་གྱིས་ བཅའ་མར་གཏོགས་མི་ག་ར་ལུ་ལག་ཁྱེར་ཚུ་སྤྲོད་ཡོདཔ་མ་ཚད་ ད་ལས་ཕར་སེམས་ཤུགས་སྦོམ་སྐྱེད་དེ་ཕྱག་ཞུ་དགོ་པའི་བསླབ་བྱ་ཚུ་གནང་ཡི་ མདོ་ཆེན་གྱིས་བཤད་མི་ནང་ ལ་གོང་གསུམ་གྱི་འཚོ་བའི་གནས་སྟངས་གོང་འཕོལ་གྱི་དོན་ལུ་གཡག་འདི་མེད་ཐབས་མེདཔ་ཞིག་ཨིན་པའི་ཁར་ ལུང་ཕྱོགས་དང་རྒྱལ་སྤྱི་ནང་ལུ་གཡག་གིས་རིགས་ཚུ་ཉམས་འགྱོ་དོ་ཡོད་རུང་ ང་བཅས་རང་འབྲུག་རྒྱལ་ཁབ་ནང་ལུ་ད་ལྟོ་སྤུས་ཚད་ཅན་གྱི་རིགས་ཚུ་ཡོད་པའི་སྐབས་ལས་རང་ ཚན་རིག་གིས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་སོན་བདག་འཛིན་འབད་དགོཔ་འདི་གནམ་མེད་ས་མེད་ཁག་ཆེ་བའི་སྐོར་ལས་ང་བཅས་རང་ག་ར་ལུ་འགན་ཁུར་སྦོམ་ཤོས་ཅིག་ཨིན་ཟེར་བཤད་ཅི་ ད་ལས་ཕར་གཡག་གསོ་སྐྱོང་ལྟེ་བའི་འདྲེན་གྱི་ཐོག་ལས་ གཡག་གི་རིགས་ལེགས་ཤོམ་ཡོད་པའི་གྲལ་ལས་ ལོ་ན་ཆུང་ཀུའི་ཕོ་འདི་ཚུ་བཙག་འཐུ་དང་སྦྱོང་བརྡར་འབད་ཞིནམ་ལས་ ཁོང་གི་སོན་འདི་ཚུ་ཚན་རིག་གིས་ཐབས་རིག་དང་འཁྲིལ་གསིལ་ཆུ་ནང་ལུ་ལོ་བརྒྱ་དང་བརྒྱའི་རིང་ལུ་(cryopreservation)བདག་འཛིན་འབད་བཞག་ནིའི་ལས་རིམ་ཚུ་ཡོདཔ་མ་ཚད་ གཡག་གི་ཕ་སོན་སྦྲགས་ནིའི་དུས་ཚོད་ཁར་ ཁབ་ཀྱི་ཐོག་ལས་ཕ་སྦྲགས་ཞིནམ་ལས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ གཡག་གི་རིགས་ཡར་སེང་འབད་ནི་དང་ ཟད་འགྲོ་མར་ཕབས་འབད་ནི་ལུ་ཁྱད་ཕན་སྦོམ་འབད་རང་འོང་ནི་མས་ དོ་རུང་མདོ་ཆེན་གྱིས་བཤད་མི་ནང་ ཕྱག་ཞུ་མི་ལས་བྱེདཔ་ག་ར་འབད་རུང་ རང་གིས་སེམས་ཀྱི་གདིང་ལས་རང་ ཕྱག་ཞུ་དགོཔ་འདི་ཧ་ཅང་གིས་ཁག་ཆེ་ཟེར་བཅའ་མར་གཏོགས་མི་ག་ར་ལུ་བཤད་ཅི་ མཇུག་བསྡུའི་ལས་རིམ་ནང་ལུ་ སྒོ་ནོར་ལས་ཁུངས་ཀྱི་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་གྱི་གཙོ་འཛིན་དང་ སྒོ་ནོར་འཕྲོད་སྟོན་གྱི་གཙོ་འཛིན་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ལས་རིམ་མདོ་ཆེན་ ཧཱ་རྫོང་ཁག་སྒོ་ནོར་འགོ་དཔོན་ ད་ལས་ཧཱ་ལུང་ལ་ནོར་མཉམ་ལས་ཚོགས་སྡེའི་ཁྲི་འཛིན་དང་བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་བཅའ་མར་གཏོགས་ཅི་ ལས་རིམ་འདི་རྒྱལ་ཡོངས་སྒོ་ནོར་ཞིབ་འཚོལ་གོང་འཕེལ་ལྟེ་བ་གིས་མཁས་དབང་དྲོག་ཀྲར་རྡོེ་དང་ཆུང་སི་ལ་གཉིས་ཀྱི་ཐབས་སྟོན་པ་འབད་ཡོདཔ་མ་ཚད་ མ་དངུལ་གྱི་རྒྱབ་སྐྱོར་འབད་བ་ཅིན་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བ་བུམ་ཐང་དང་ བལ་བུ་ལུ་ཡོད་པའི་ཨི་སི་མོཀྲི་(ICIMOD)གྱི་རྒྱབ་སྐྱོར་འབད་ཡོདཔ་ཨིན།

ཀུན་ལེགས་རིན་ཆེན་གྱི་བསྡུ་སྒྲིག་འབད་ཡོདཔ་ཨིན།

image_pdfimage_print