དབང་འདུས་ཕོ་བྲང་རྫོང་ཁག་ བསེ་ཕུག་རྒེད་འོག་གངས་དཀར་ལ་ནོར་མཉམ་ལས་ཚོགས་སྡེའི་འཐུས་མི་ཚུ་ལུ་གཡག་གི་ཨོམ་གྱི་ཐོན་སྐྱེད་བཟོ་སྦྱོར་གྱི་སྦྱོང་བརྡར་འགོ་བཙུགས་ཡོདཔ།

༉ ད་རིས་རང་ལུགས་གནམ་ལོ་ ལྕགས་མོ་གླང་ལོ་ སྤྱི་ཚེས་༢༦-༠༢-༢༠༢༡ ལས་༠༤-༠༣-༢༠༢༡ ཚུན་ཉིན་གྲངས་བརྒྱད་ཀྱི་རིང་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་ བསེ་ཕུག་རྒེད་འོག་ བསེ་ཕུག་གངས་དཀར་ལ་ནོར་མཉམ་ལས་ཚོགས་སྡེའི་འཐུས་མི་ཚུ་ལུ་ སྒོ་ནོར་ལས་ཁུངས་ཀྱི་ ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་གྱི་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་བུམ་ཐང་ དབང་འདུས་ཕོ་བྲང་ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་དང་རྫོང་ཁག་སྒོ་ནོར་སྡེ་ཚན་གསུམ་མཉམ་འབྲེལ་གྱི་ཐོག་ལས་ ལ་གོང་གསུམ་གྱི་འཚོ་བའི་གནས་སྟངས་གོང་འཕེལ་བཏང་ནིའི་དོན་ལུ་ གཡག་གི་རིགས་ཚུ་ཉམས་མ་བཅུག་པར་བཞག་ཞིནམ་ལས་ གཡག་ལས་ཐོན་པའི་ཨོམ་གྱི་ཐོན་སྐྱེད་ཚུ་ འཕྲུས་རིག་གི་ཐབས་ལམ་གྱི་ཐོག་ལས་བཟོ་སྦྱོར་འབད་ནིའི་སྦྱོང་བརྡར་འགོ་བཙུགས་ཡོདཔ་ཨིན། སྦྱོང་བརྡར་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་ངོ་མ་རང་ ལ་ནོར་གཡག་གི་ཨོམ་ལས་ཐོན་སྐྱེད་ཁག་མ་འདྲཝ་བཟོ་ནིའི་འགྲེམས་སྟོན་དང་ ཐོན་སྐྱེད་ཚུ་མཛེས་ཏོག་ཏོག་དང་སྤུས་ཚད་ཅན་བཟོ་ཞིནམ་ལས་དུས་ཨ་བརྟག་རང་ཁྲོམ་ཁར་ལས་ཐོབ་ཚུགསཔ་བཟོ་ནི་དང་ ལྷག་པར་དུ་ཡང་ ཨོམ་གྱི་སྤྱིས་དང་མར་བཏོན་ནིའི་འཕྲུས་ཆས་ཚུ་ལག་ལེན་འཐབ་ཐངས་ཀྱི་རིག་རྩལ་ཚུ་སྟོན་བྱིན་ནི་གི་དོན་ལུ་ཨིན། སྦྱོང་བརྡར་གྱི་སྐབས་འཐུས་མི་རྒྱ་ཆ་༩༠ ཨམ་སྲུ་དང་བརྒྱ་ཆ་༡༠ ཕོ་རྒས་ཀྱི་བཅའ་མར་གཏོགས་ཡོད་ཟེར་ཞུནི་ སྦྱོང་བརྡར་འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་གྱི་གཙོ་འཛིན་ལྟའུ་ཅུ་རབ་རྒྱས་ཀྱི་བཤད་མི་ནང་ གཡག་ཟེར་བའི་ལ་ནོར་སེམས་ཅན་འདི་ ནོར་བུ་རིན་པོ་ཆེ་ངོ་མ་ཨིན་ཟེར་སླབ་མི་དེ་ཡང་ ས་ཁ་མཐོ་ས་ལུ་སྨན་རྩྭ་དང་གངས་ཆུ་ཚུ་ལུ་ལོངས་སྤྱོད་ཡོདཔ་མ་ཚད་ གཡག་གི་སྤུའི་ཐོན་སྐྱེད་སྣ་ཚོགས་དང་ གཡག་དང་བསྟུན་པའི་ལམ་སྲོལ་བཟང་པོ་ཁག་ཆེ་དྲགས་ལེ་ཤཱ་ཡོདཔ་ལས་རྟེན་ ལ་གོང་གསུམ་གྱི་འཚོ་བའི་གནས་སྟངས་ཀྱི་དོན་ལུ་མེད་ཐབས་མེདཔ་ཞིག་ཨིན་ཟེར་བཤད་ཅི་ ད་ལས་ཕར་ལ་གོང་གསུམ་གྱི་གཡག་གི་ཨོམ་ལས་ཐོན་སྐྱེད་ཚུ་མཛེས་ཏོག་ཏོག་དང་སྤུས་ཚད་ཅན་འབད་བཟོ་ཞིནམ་ལས་ མཉམ་ལས་ཚོགས་སྡེ་དང་འབྲུག་གི་སྤྱི་མཐུན་མཉམ་ལས་ཚོགས་སྡེའི་འགོ་འདྲེན་གྱི་ཐོག་ལས་ཚོང་འབྲེལ་འཐབ་ཞིནམ་ལས་ མཉམ་ལས་ཚོགས་སྡེའི་འཐུས་མི་རེ་རེ་ཞིན་དུ་ལུ་འོངས་འབབ་བཟོ་ནི་ལུ་བརྩོན་དགོ་ཟེར་བཤད་ཅིག་  དོ་རུང་དབང་འདུས་རྫོང་ཁག་གི་སྒོ་ནོར་གཙོ་འཛིན་འགོ་དཔོན་འོག་མ་ཨོ་རྒྱན་གྱི་བཤད་མི་ནང་ཡང་ གཡག་གི་ཐོན་སྐྱེད་བཟོ་སྦྱོར་གྱི་སྦྱོང་བརྡར་འདི་དུས་ཚོད་ཁར་འགོ་འདྲེན་འཐབ་ཡོདཔ་ལས་ ཕན་ཐབས་སྦོམ་འབད་རང་འབྱུང་འོང་ཟེར་སླབ་ཡོདཔ་མ་ཚད་ སྦྱོང་བརྡར་འདི་མཇུག་བསྡུ་ཞིནམ་ལས་ ད་ལས་ཕར་རྒྱུན་མ་ཆད་པར་ བསེ་ཕུག་གངས་དཀར་ལ་ནོར་མཉམ་ལས་ཚོགས་སྡེའི་འཐུས་མི་ཚུ་ལས་ ཐོན་སྐྱེད་ཚུ་བཟོ་སྦྱོར་འབད་འདི་ ཚོང་འབྲེལ་ལེགས་ཤོམ་འབད་འཐབ་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅིག་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བའི་ལས་རིམ་མདོ་ཆེན་ མཁས་དབང་དྲོག་ཀྲར་བི་རྗེ་རའི་ཀ་གིས་བཤད་མི་ནང་འབད་བ་ཅིན་ ལ་གོང་གསུམ་གྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཀྱི་དོན་ལུ་ གཡག་དང་རྩྭ་འབྲོག་ལ་ནོར་འཚོ་སྡོད་མིའི་མི་སེར་ཚུ་རྒྱལ་ཁབ་ཀྱི་དོན་ལུ་ཁག་ཆེ་ཤོས་དང་ཕན་ཐོག་ཤོས་ཅིག་ཨིནམ་འབད་ཁུངས་བཀལ་ཡོདཔ་མ་ཚད་ ད་ལས་ཕར་མཉམ་ལས་ཚོགས་སྡེའི་འགོ་འཁྲིདཔ་དང་འཐུས་མི་ ད་ལས་ས་ཁ་མཐོ་སའི་གོང་འཕེལ་གྱི་དོན་ལུ་ལཱ་འབད་མི་ཚུ་ག་ར་གིས་དུས་དང་རྣམ་པར་ཀུན་ཏུ་ཕྱག་ག་དེ་དྲག་དྲག་ཞུ་དགོ་ཟེར་བཤད་ཡོདཔ་ཨིན། སྦྱོང་བརྡར་གྱི་མ་དངུལ་འདི་ བུམ་ཐང་རྫོང་ཁག་ནང་ལུ་ཡོད་པའི་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་རྒྱབ་སྐྱོར་འབད་ཡོདཔ་ཨིན།

ཀུན་ལེགས་རིན་ཆེན་གྱི་བསེ་ཕུག་ལས་གནས་ཚུལ་བསྡུ་སྒྲིག་འབད་ཡོད།

image_pdfimage_print