ས་ཁ་མཐོ་སའི་མི་སྡེའི་ཕན་ཐབས་ལུ་ ལ་ནོར་མཉམ་ལས་ཚོགས་སྡེ་ཚོགས་ནིའི་དོན་ལུ་གོ་བརྡའི་ལས་རིམ།

Posted on

སྤྱི་ཚེས་༠༩-༠༢-༢༠༢༠ ལས་ ༡༧-༠༢-༢༠༢༠ ཚུན་བདུན་ཕྲག་གཅིག་གི་རིང་ལུ་ བཀྲིས་སྒང་རྫོང་ཁག་ མེ་རག་དང་སག་སྟེང་རྒེད་འོག་གཉིས་ཀྱིས་མི་སེར་ཡོངས་བསྡོམས་༢༠༩ གིས་གཡག་གི་མཉམ་ལས་ཚོགས་སྡེ་ཚོགས་ནིའི་དོན་ལུ་གོ་བརྡའི་ལས་རིམ་ནང་བཅའ་མར་གཏོགས་གནང་ཡི། འགོ་དཔོན་ཚུ་གིས་ ལ་ནོར་འཚོ་སྐྱོང་འཐབ་མི་དང་ ས་གནས་གཞུང་གི་འགོ་འཁྲིདཔ་ཡོངས་ལུ་ གཞུང་གི་ཧོངས་ལས་ཆ་འཇོག་གྲུབ་ཡོད་པའི་ ལོ་ལྔའི་འཆར་༡༢ པའི་ས་ཁ་མཐོ་སའི་གོང་འཕེལ་གྱི་ལས་སྣ་ཚུའི་སྐོར་ལས་གསལ་བཤད་འབད་ཡོདཔ་མ་ཚད་ ཧེན་མ་གཙོ་རིམ་ཅན་གྱི་ལས་རིམ་འབད་ཚུད་ཡོད་མི་དང་ ད་ལྟོ་གོང་འཕེལ་གྱི་ལས་རིམ་འབད་ཚུད་ཡོད་པའི་རྒྱབ་ཁུངས་ཚུ་གསལ་ཏོག་ཏོག་འབད་བཤད་ཡོད་པའི་ནང་གསལ་ལས་ གོང་འཕེལ་གྱི་ལས་རིམ་འབད་ཚུད་དགོ་མི་དེ་ཡང་ ས་ཁ་མཐོ་སའི་གོང་འཕེལ་གྱི་ལས་རིམ་ཚུ་དུས་རྒྱུན་དུ་ཁག་ཆེ་དྲགས་ཡོདཔ་ལས་རྟེན་འཆར་གཞི་གོང་འཕེལ་གྱི་ལས་རིམ་འབད་བཞག་དགོཔ་ཨིན་ཟེར་གོ་བརྡ་སྤྲོད་ཡོདཔ་ཨིན།

མེ་རག་དང་སག་སྟེང་རྒེད་འོག་གཉིས་ཆ་རའི་ནང་ལུ་ ད་ལྟོ་ཡོད་པའི་སྡེ་ཚན་དང་མཉམ་ལས་ཚོགས་སྡེ་ཚུ་སྒྲིང་སྒྲིང་བཟོ་ཞིནམ་ལས་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ སྤྱི་མཐུན་མཉམ་ལས་ཚོགས་སྡེའི་གྲངས་སུའཛུལ་ཞུགས་འབད་ནི་འབད་གྲོས་བསྟུན་འབྱུང་ཡོདཔ་མ་ཚད་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱི་འགོ་འདྲེན་གྱི་ཐོག་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་དང་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་རྒྱབ་སྐྱོར་འབད་དེ་ རྒེད་འོག་གཉིས་ཆ་རའི་ནང་ལུ་མཉམ་ལས་ཚོགས་སྡེ་བཟོ་ནི་དང་ཐོ་བཀོད་འབད་ནི་ལུ་རྒྱབ་སྐྱོར་གང་དྲགས་ཕུལ་ནི་འབད་གྲོས་ཆོད་འབྱུང་ཡོད། དེ་འབད་བཟོ་དགོ་མི་དེ་ཡང་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ འཐུས་མི་ཡོངས་ཀྱི་དོན་ལུ་འཆར་གཞི་རྩོམ་ནི་དང་ དཀའ་ངལ་དང་གདོང་ལེན་ཚུ་ལེགས་ཤོམ་འབད་གསལ་ཐབས་ལུ་ སྤྱི་མཐུན་མཉམ་ལས་ཚོགས་སྡེ་ཚོགས་གནང་ནིའི་དོན་ལུ་ཨིན།

རྒེད་འོག་གཉིས་ཆ་རའི་གཡག་འཚོ་སྐྱོང་འཐབ་མི་འཐུས་མི་ཡོངས་ཀྱི་ཧོངས་ལས་ གདོང་ལེན་ལེ་ཤཱ་འབྱུང་ཡོད་པའི་ནང་ལས་ གཡག་འཚོ་སྐྱོང་འཐབ་མིའི་གྱངས་ཁ་མར་ཕབས་འགྱོ་མི་དང་ རྩྭ་ཆག་མ་ལངས་པའི་དཀའ་ངལ་ གཡག་གི་སྤུས་ཚད་མར་ཕབས་འགྱོ་མི་ ད་ལས་གཞན་ཡང་གསོ་བའི་འཕྲོད་སྟེན་གྱི་དཀའ་ངལ་ཚུ་བྱུང་ཡོད་པའི་ཐབས་ལམ་ཚུ་ཡང་མཉམ་ལས་ཚོགས་སྡེའི་ཐོག་ལས་གདོང་ལེན་སྒྲིགས་ནི་ཨིན་ཟེར་གོ་བརྡ་སྤེལ་ཡོད།

རྫོང་ཁག་བདག་སྐྱོང་དང་གཞན་འབྲེལ་ཡོད་ལས་ཁུངས་དང་རྒེད་འོག་ཚུ་ག་ར་གྲོས་བསྟུན་ཐོག་ གསང་འཕོད་སྤྱི་ལོ་༢༠༢༡ སྤྱི་ཟླ་༥ པའི་ཚེས་༢ ལུ་མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོེ་དབང་ཕྱུག་མཆོག་གི་འཁྲུངས་སྐར་དུས་སྟོན་དང་འཁྲིལ་ སག་སྟེང་རྒེད་འོག་ནང་ལུ་ ས་ཁ་མཐོ་སའི་དགའ་སྟོན་འདི་གཞན་དང་མ་འདྲཝ་འབད་བརྩི་སྲུང་ཞུ་ནི་འབད་གྲོད་ཆོད་གྲུབ་ཡོད་མི་དང་འཁྲིལ་ འཐུས་མི་ཡོངས་ལུ་ དེའི་སྐབས་རང་ལུགས་ཀྱི་ལ་ནོར་གྱི་འཐོན་སྐྱེད་སྣ་ཚོགས་དང་ གཞན་ཡང་མི་དམངས་ཀྱི་དོན་ལུ་ སྡོད་ཁྱིམ་དང་ཚབ་སང་ཚུ་ག་དེ་མང་མང་བཟོ་སྟེ་འོངས་འབབས་བཟོ་ནིའི་འཆར་གཞི་ཚུ་དྲགོས་དྲུང་པ་གིས་གསལ་བཤད་འབད་གནང་ཡི།

མེ་རག་ལུ་ལུག་ཀྱི་བལ་གྱི་འཕྲུས་ཁང་ཆུང་བ་ཞིག་ཡོད་མི་དེ་ནང་འཐུས་མི་ཚུ་དང་གཅིག་ཁར་ཕྱད་ཡོདཔ་མ་ཚད་ མ་འོངས་པ་ལུ་ བུ་ཆུང་སྐལ་བ་བཟང་པོའི་སྡེ་ཚན་གྱི་འཐུས་མི་ཡོངས་ལུ་ ལུག་གི་བལ་གྱི་འཐོན་སྐྱེད་བཟོ་སྟེ་འོངས་འབབས་བཟོ་ནིའི་གོ་སྐབས་སྦོམ་འབད་རང་ཡོདཔ་མ་ཚད་ གཞུང་གི་ཧོངས་ལས་ཡང་ ད་ལྟོ་མ་ལངས་པར་ཡོད་པའི་བལ་ལག་ལེན་འཐབ་ནིའི་འཕྲུས་ཆས་དང་སྦྱོང་བརྡར་གྱི་རྒྱབ་སྐྱོར་ཕུལ་དགོཔ་འདུག་ཟེར་ཞུནི།

གོ་བརྡའི་ཞལ་འཛོམས་དེ་ སྒོ་ནོར་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་ ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་དང་ བུམ་ཐང་ལུ་ཡོད་པའི་ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་བྱ་དཀར་ ད་ལས་གཞན་ཡང་ བཀྲིས་སྒང་ཀང་ལུང་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་དང་ མོང་སྒོར་ལུང་ཕྱོགས་ལུ་ཡོད་པའི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ བཀྲིས་རྫོང་ཁག་བདག་སྐྱོང་གི་ རྫོང་ཁག་སྒོ་ནོར་སྡེ་ཚན་ཚུ་ག་ར་མཉམ་རུབ་ཀྱི་ཐོག་གོ་བརྡའི་ལས་ཚུ་ལེགས་ཤོམ་འབད་སྤེལ་ཡོདཔ་ཨིན།

འདི་འབདཝ་ལས་རྟེན་ སག་སྟེང་དྲུང་ཁག་གི་དྲགོས་དྲུང་པ་དང་ ས་གནས་གཞུང་གི་རྒེད་འོག་གཉིས་ཀྱི་རྒཔོ་དང་དམངས་མི་ ་སྒོ་ནོར་ལས་བྱེདཔ་ཚུ་དང་ལ་ནོར་འཚོ་སྐྱོང་འཐབ་མི་ག་ར་ལུ་བཀྲིན་ཆེ་ཟེར་ཞུནི་ལགས།

ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་ སྒོ་ནོར་ལས་ཁུངས་ཀྱི་སྙན་ཕུལཝ་ཨིན།

image_pdfimage_print